TibSchol - བོད་ནང་བའི་མཚད་ཉིད་རིག་པའི་ལུགས་ཀྱི་སྐྱ་རེངས་དང་པོ་ནི་སྔོན་མེད་པའི་ལས་གཞི་ཞིག་ཡིན་པ་དང་། འདིའི་ནང་གཞི་རྒྱ་ཆེན་པོའི་ངང་། ཐོག་དང་པོར་བོད་ཀྱི་མཚད་ཉིད་རིག་པ་བྱུང་ཚུལ་གྱི་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་ཡོད། 

དུས་རབས་བཅུ་བ་ཙམ་ནས་བཟུང་། བོད་དུ་བསྟན་པ་ཕྱི་དར་བྱུང་བ་དང་། དེར་བསྟུན་ཆོས་དང་རིག་གནས་གཉིས་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཁྱིམ་མཚེས་རྒྱལ་ཁམས་ཁག་ལ་འབྲེལ་བ་ཡོད་བཞིན་པའི་ཐོག། སྔོན་མེད་པའི་དགོན་པ་དང་ཆོས་སྡེ་ཁག་རིམ་གྱིས་བྱུང་བ་མ་ཟད། ཆོས་འཆད་ཉན་དར་འཕེལ་སྔར་ལྷག་བྱུང་། བཀའ་དང་བསྟན་བཅོས་སྣ་ཚོགས་བསྒྱུར་པ་དང་། གཞུང་གསར་པ་དང་འགྲེལ་བ་མང་པོ་བརྩམས།  

དེ་དག་ལ་བརྟེན་རིགས་པའི་དཔྱད་ཚུལ་དང་། གཞུང་ལུགས་འགྲེལ་ཚུལ་ཐབས་ལམ་སྣ་ཚོགས་གསར་གཏོད་ཀྱིས། དེ་དག་བེད་སྤྱད་ནས་ཆོས་དང་མཚན་ཉིད་སོགས་ཀྱི་བསྟན་བཅོས་རྩོམ་པའི་ལུགས་གསར་པ་དར་འཕེལ་བྱུང་འདུག། བོད་ཀྱི་མཚད་ཉིད་རིག་པའི་སྐྱ་རེངས་དང་པོའི་ལས་གཞིའི་ནང་། དུས་རབས་བཅུ་གཅིག་ནས་དུས་རབས་བཅུ་གསུམ་པའི་བར་གྱི་བོད་ཀྱི་མཁས་པ་དག་གིས་གསར་གཏོད་མཛད་པའི་ལུགས། ང་ཚོས་དབྱིན་སྐད་དུ་“scholasticism” ཟེར་བའི་ཐ་སྙད་བཀོལ་སྤྱོད་ཀྱིས་ཞིབ་འཇུག་བྱེད་རྒྱུ་དེ་ཡིན།

དམིགས་ཡུལ་གཙོ་བོ་ནི། མཚན་ཉིད་རིག་པའི་སྐོར་གྱི་མཁས་པ་དང་། དེ་དག་གི་འབྲེལ་ལམ། གཞུང་ལུགས་བསྟན་བཅོས་སོགས་ལ་རྟོག་དཔྱོད་ཞིབ་འཇུག་བྱེད་རྒྱུ་ཡིན་ཞིང་། དེ་ཡང་གཙོ་བོར་དོན་གནད་ལྔའི་ཐོག་ནས་ཞིབ་འཇུག་བྱེད་རྒྱུ་ཡིན།  

༡༽སྔོན་གྱི་མཁས་པ་ངོས་འཛིན་དང་། དེ་དག་གི་ཆོས་བརྒྱུད། ཕན་ཚུལ་གྱི་འབྲེལ་བ།  

༢༽སྔོན་གྱི་མཁས་པའི་མཚན་ཉིད་རིག་པའི་གསུང་རྩོམ་དང་། དེ་དག་བྱུང་ཚུལ་དང་འཕེལ་ཚུལ། 

༣༽ སྔོན་གྱི་མཚན་ཉིད་རིག་པའི་དཔྱད་ཚུལ་དང་ཐ་སྙད་གལ་ཆེན་གྱི་སྐོར། 

༤༽ གཞུང་ལུགས་འགྲེལ་ཚུལ།  

༥༽ བརྒལ་བརྟག་གི་སྒྲིག་གཞི་དང་ལག་ལེན་གྱི་སྐོར།  

ལས་གཞི་འདིའི་ཁྲོད། དུས་རབས་བཅུ་གཅིག་པ་ནས་བཅུ་གསུམ་པའི་བར་གྱི་བོད་ཀྱི་མཚན་ཉིད་རིག་པའི་དཔེ་རྙིང་ཁག་ལ་ཞིབ་འཇུག་བྱེད་ཀྱིན་ཡོད། ཕལ་ཆེ་བ་ནི་དུས་རབས་མང་པོའི་རིང་ལ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་མེད། དཔེ་རྙིང་དེ་དག་མང་ཆེ་ཤོས་ནི་འབྲས་སྤུངས་གནས་བཅུ་ལྷ་ཁང་དང་། གཞན་དགོན་པ་ཁག་གི་དཔེ་མཛོད་སོགས་ནས་རྙེད་དེ་བསྐྱར་དཔར་བརྒྱབ་ནས་དཔར་པ་དག་རེད། དཔེ་རྙིང་འདི་དག་བསྐྱར་རྙེད་བྱུང་བ་འདིས། བོད་ཀྱི་མཚན་ཉིད་རིག་པའི་སྐོར་དང་། ཁྱད་པར་དུ་དཔལ་གསང་ཕུའི་ཆོས་གྲྭ་དང་འབྲེལ་ཡོད་ཀྱི་མཁས་པ་སྟེ། དཔེར་ན་རྔོག་ལོ་ཙྭ་བ་བློ་ལྡན་ཤེས་རབ་དང་། ཕྱྭ་པ་ཆོས་ཀྱི་སེང་གེ་སོགས་ཀྱི་གསུང་ཁག་ལ། ཐོག་དང་པོར་ཞིབ་འཇུག་བྱེད་པར་ཕན་ཐོགས་ཆེན་པོ་བྱུང་དང་འབྱུང་བཞིན་པ་མ་ཟད། སྔོན་དུ་དེ་འདྲའི་ཁྱབ་རྒྱ་མི་ཆེ་བའམ། མིང་ཙམ་ཡང་གོ་མྱོང་མེད་པའི་མཁས་པ་མང་པོའི་གསུང་དང་། འབྲེལ་ལམ། དགོན་པ་སོགས་ལའང་ཞིབ་འཇུག་བྱེད་ཐུབ་པ་འབྱུང་རྒྱུ་རེད།  

མཁས་པ་འདི་དག་གི་གསུང་གི་ནང་། སོ་སོའི་རང་ལུགས་ཡོད་པ་མ་ཟད། གཞན་ལུགས་ཀྱང་བཀོད་ཡོད་པས། བཞེད་ཚུལ་སྔོན་མ་ཤེས་པ་མང་པོ་ཞིག་ང་ཚོས་ད་ལྟ་གསར་དུ་ངོས་འཛིན་བྱེད་ཐུབ། གསུང་འདི་དག་གི་ཁྲོད། ཕན་ཚུན་ལ་འབྲེལ་པའི་གསུང་དང་བརྒལ་ལན་བྱེད་ཚུལ་མང་པོ་ཡོད་པ་དང་། དེ་དག་ལས་ཁོང་ཚོའི་གཞུང་དང་ལྟ་བ་མཁས་པའི་སྡེ་ལ་དར་ཚུལ་དང་། འདོད་ཚུལ་སོགས་མཐོང་ཐུབ་པ་མ་ཟད། Austrian Centre for Digital Humanities and Cultural Heritage (ACDH-CH) ལག་རྩལ་གྱིས་རྒྱབ་སྐྱོར་འོག་བཟོས་པའི་གྲངས་མཛོད་དྲ་རྒྱ་ལས། མཁས་པ་སོ་སོའི་སྒེར་གྱི་འབྲེལ་ལམ་དང་། ལྟ་བའི་འབྲེལ་བའང་ཤེས་ཐུབ། མཁས་པ་དང་ལྟ་བའི་འབྲེལ་ལམ། མཚན་ཉིད་རིག་པའི་ལམ་ལུགས་གསུམ་འདྲེས་པའི་ཐོག་དུས་རབས་བཅུ་གཅིག་པ་ནས་བཅུ་གསུམ་བར་གྱི་མཁས་པའི་ལུགས་དང་། དེའི་རྗེས་ཀྱི་མཁས་པའི་ལུགས་ལ་ཞིབ་འཇུག་བྱེད་ཐུབ་པའི་ཐབས་ལམ་གསར་བཟོ་ཡིས་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། ཐབས་ལམ་འདི་ཉིད་རིག་གཞུང་གཞན་ལའང་ཞིབ་འཇུག་བྱེད་པར་ཕན་ཐོགས་ཡོང་རྒྱུ་རེད། 

བོད་ཀྱི་མཚན་ཉིད་རིག་པ་འདིས་བོད་ཀྱི་ཤེས་རིག་སློབ་གཉེར་བྱེད་སྟངས་ལ་ཕན་ཆེན་པོ་ཐོགས་་ཡོད་པ་མ་ཟད། འཛམ་གླིང་གི་ཆེས་སྔ་ཤོས་ཀྱི་ད་ལྟ་ལྷག་ལུས་བསྡད་ཡོད་པའི་དཔྱད་ཐབས་ཀྱི་སྒྲིག་གཞི་དམ་པོ་དང་། ཞིབ་ཚགས་ཡོད་པའི་གཞུང་ལུགས་ཤིག་ཏུ་གྱུར་ཡོད། དེ་བས་བོད་ཀྱི་མཚན་ཉིད་རིག་པ་ལ་ཞིབ་འཇུག་བྱས་ན། བོད་ཀྱི་ཤེས་རིག་ལོ་རྒྱུས་ལ་ཤེས་རྟོགས་དང་བརྩི་མཐོང་ཆེ་རུ་འགྲོ་བ་དང་། དེ་བཞིན་འཛམ་གླིང་གི་ལྟ་གྲུབ་རིག་པའི་ལོ་རྒྱུས་ཕུན་སུམ་ཚོགས་པོ་ཡོང་རྒྱུར་ཕན་ཐོགས་ལེགས་པོ་ཡོང་ངེས་རེད།།